བུད་མེད་ལ་གནོད་འཚེ་གཏོང་བ་ཟེར་ན། སྤྱི་ཚོགས་སམ་ཡང་ན་སྒེར་གྱི་འཚོ་བའི་ཁྲོད། ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་དྲག་པོའི་བྱ་སྤྱོད་གང་རུང་གིས། བུད་མེད་ཀྱི་ལུས་ཁམས་ལ་གནོད་སྐྱོན་གཏོང་བ་དང་། འདོད་པའི་རྩུབ་སྤྱོད་སྤེལ་བ། སེམས་ཁམས་ལ་གནོད་སྐྱོན་གཏོང་བ། ཡང་ན་སྡུག་བསྔལ་མྱོང་དུ་འཇུག་པ། དེ་བཞིན་བུད་མེད་ལ་གནོད་འཚེ་བྱེད་རྒྱུའི་སྡིགས་ར་སྐུལ་བ། བཙན་ཤེད་བྱེད་པ། རང་དབང་འཕྲོག་བཅོམ་བྱེད་པ་ཞིག་ལ་གོ་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གི་གྲོས་ཆོད་ ༤༨/༡༠༤ ནང་གི་བུད་མེད་ཀྱི་ཐོག་ཏུ་སྤེལ་བའི་དྲག་སྤྱོད་རྩ་མེད་གཏོང་རྒྱུའི་གསལ་བསྒྲགས(༡༩༩༣)་ཀྱི་ནང་དུ་གསལ་ཡོད། 

ལོ་ངོ་བརྒྱ་ཕྲག་རིང་གི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ། འཛམ་གླིང་ཁྱོན་ཡོངས་ཀྱི་བུད་མེད་ཚོས་ཕོ་མོ་དབྱེ་འབྱེད་ཀྱི་དྲག་པོའི་བྱ་སྤྱོད་མང་པོར་གདོང་ལེན་བྱེད་དགོས་བྱུང་ཡོད།  དུས་ཡུན་རིང་པོར་མི་རྣམས་ཀྱིས། ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་དེ་ཆགས་སྤྱོད་དང་ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་རྐྱེན་པས་བུད་མེད་ཀྱི་ལུས་ཁམས་ལ་གནོད་འཚེ་ཕོག་པ་ཁོ་ནར་ངོས་འཛིན་བྱེད་ཀྱི་ཡོད།  འོན་ཀྱང་། ལོ་མང་བརྒྱུད།   ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་ཀྱི་འགྲེལ་བཤད་དང་ངོས་འཛིན་བྱེད་སྟངས་སོགས་ལ་འགྱུར་བ་ཕྱིན་ཡོད་པ་མ་ཟད། དེའི་དབྱེ་བ་དང་ཁྱབ་ཁོངས་སོགས་ཀྱང་རྒྱ་བསྐྱེད་ཕྱིན་ཡོད།  དྲ་རྒྱ་དར་ཁྱབ་བྱུང་བ་དང་བསྟུན་ནས། བུད་མེད་ཚོས་སྔར་མེད་པའི་རྩུབ་སྤྱོད་ལ་གདོང་ལེན་བྱེད་དགོས་བྱུང་ཡོད།

གཤམ་གསལ་ནི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་དབྱི་སི་ཐན་པུའི་སྤྱི་ཆིངས་ནང་དུ་ཕྱིར་འདོན་བྱས་པའི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱི་རྣམ་གྲངས་ཡིན།

  • སེམས་ཁམས་ལ་གནོད་འཚེ་གཏོང་བའི་རྩུབ་སྤྱོད།
  •  རྗེས་འདེད་བྱེད་པ།
  •  ལུས་པོར་གནོད་པ་གཏོང་བའི་རྩུབ་སྤྱོད།
  •  བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་པ།
  •  ཆགས་སྤྱོད་དང་འབྲེལ་བའི་རྩུབ་སྤྱོད། དཔེར་ན་བཙན་གཡེམ་བྱེད་པ།
  • ཕྲུ་གུ་བཙན་ཤེད་ཀྱིས་མངལ་གནས་དབྱུང་བ་དང་བཙན་ཤེད་ཀྱིས་སྐྱེ་སྒོ་འགོག་པ།
  •  ཆགས་སྤྱོད་ཀྱི་བསུན་གཙེར།
  • དེ་བཞིན་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱི་ཁོངས་སུ་ངག་ཐོག་དང་སྤྱི་ཚོགས་དཔལ་འབྱོར་གྱི་རྩུབ་སྤྱོད་སོགས་ཀྱང་ཡོད།

གལ་ཏེ་ཁྱེད་ནི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱི་གནོད་འཚེ་ཐེབས་མཁན་ཤིག་ཡིན་ཚེ། གནོད་འཚེ་གང་དུ་ཐེབས་མིན་དང་། ཇི་ལྟར་ཐེབས་མིན་ལ་མ་ལྟོས་པར། དེ་ནི་ཁྱེད་ཀྱི་ནོར་འཁྲུལ་མིན་པ་ཤེས་དགོས། རང་གིས་རང་ལ་ཁག་དཀྲི་བའམ། ཡང་ན། རང་གིས་རང་ལ་དོགས་པ་ཟ་མི་ཉན།

དེ་རིང་ངས་དྲ་ཐོག་གི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་དང་ང་ཚོས་ཇི་ལྟར་བྱས་སྟེ་དེའི་ཉེན་ཁ་ཆུང་དུ་གཏོང་ཐུབ་མིན་སྐོར་ལ་བརྗོད་རྒྱུ་ཡིན།

དྲ་ཐོག་གམ་ཡང་ན་འཕྲུལ་རིག་གི་མཐུན་རྒྱུར་བྱེད་པའི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ནི། གཙོ་བོ་དྲ་སྟེང་དུ་འབྱུང་བཞིན་པའི་དྲང་བདེན་མིན་པའི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཅིག་ལ་ཟེར་༼ དྲ་ཐོག་གི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱི་མཚན་ཉིད་༽གོ་ལ་ཧྲིལ་པོའི་སྤྱི་དམངས།

དྲ་ཐོག་གི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱི་ཁོངས་སུ། དྲ་ཐོག་ནས་འཁྲིག་སྤྱོད་ཀྱི་གསང་བརྡ་གཏོང་བ་དང་། འཇིགས་སྐུལ་བ།  རྗེས་འདེད་གཏོང་བ།  བསུན་གཙེར་བྱེད་པ།  དགོས་མེད་ཀྱི་ཆགས་སྤྱོད་དང་འབྲེལ་བའི་བསམ་ཚུལ་འདོན་པ། མོས་འཐུན་མེད་པའི་ཐོག་ནས་ཆགས་སྤྱོད་དང་འབྲེལ་བའི་བརྙན་པར་དྲ་ཐོག་ལ་སྤེལ་བ། སྒེར་གྱི་ལོ་རྒྱུས་ཕྱིར་འདོན་བྱེད་པ།  ཟུར་ཟ་བྱེད་པ། ཡོངས་ཁྱབ་ཀྱི་ཐོག་ནས་ངོ་ཚ་བོ་བཟོ་བ། ཆགས་སྤྱོད་དང་འབྲེལ་བའི་འཕྲིན་ཐུང་བསྐུར་བ་སོགས་ཚུད་ཡོད། 

རྩུབ་སྤྱོད་དེ་རིགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དྲ་ཐོག་གི་གླེང་སྟེགས་སུ་འབྱུང་གི་ཡོད། དཔེར་ན། རྗེས་སྙེག་བྱེད་པ། གསང་མྱུལ་བྱེད་པ།  དྲ་འབུ་བཏང་ནས་མྱུལ་ཞིབ་བྱེད་པ།   དོན་མེད་ཀྱི་ཡིག་འཁྱམ་བསྐུར་བ།  མི་གཞན་གྱི་ཆ་འཕྲིན་རྫུན་བཟོ་བྱས་ནས་མ་ཡིན་ཡིན་མདོག་བྱེད་པ། སྒེར་གྱི་གསང་བའི་འཕྲིན་ཐུང་དང་པར་རིས་སོགས་ཡོངས་ཁྱབ་ཀྱི་ཐོག་ནས་འགྲེམས་སྤེལ་བྱེད་པ་སོགས་ཡོང་གི་ཡོད།  ཕོ་མོའི་དབྱེ་འབྱེད་ཀྱི་རྨང་གཞིའི་སྟེང་གི་ལུས་པོའི་རྩུབ་སྤྱོད་དང་འདྲ་བར། དྲ་ཐོག་གི་ཕོ་མོའི་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཀྱིས་གནོད་འཚེ་ཐེབས་མཁན་ལ་འཇིགས་སྣང་ཡོང་གི་ཡོད་པ་དང་སེམས་པར་གནོད་སྐྱོན་ཕོག་གི་ཡོད།

རང་ཉིད་ལ་གནོད་འཚེ་དེ་རིགས་མ་ཕོག་པའི་ཆེད་དུ། གཤམ་གྱི་སྔོན་འགོག་གིཐབས་ལམ་ཁག་ལག་བསྟར་བྱེད་ཆོག

སོ་སོའི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པ།

-གལ་ཏེ་ཁྱེད་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེགས་བུའི་སྟེང་། སོ་སོའི་ནང་མི་དང་གྲོགས་པོ་གཅིག་པུར་འབྲེལ་འདྲིས་བྱ་རྒྱུ་ཡིན་ཚེ། དྲ་སྟེང་གི་རང་ཉིད་ཀྱི་ཡིག་ཆ་ཡོངས་ཁྱབ་མ་ཡིན་པར། སྒེར་གྱི་ངོ་བོའི་་ཐོག་ཏུ་སྒྲིག་དགོས། དེ་ལྟར་བྱས་ཚེ། ཁྱེད་ཀྱིས་སྒེར་གྱི་གསང་དོན་སྲུང་འཛིན་བྱས་ཏེ། རང་ཉིད་ཀྱི་དྲ་སྦྲེལ་ཁོངས་སུ་མེད་པའི་ཕྱི་རོལ་གྱི་མི་ཡིས། ཁྱེད་ཀྱི་དྲ་སྟེང་གི་སྒེར་གྱི་ཡིག་ཆ་དང་དྲ་སྟེང་དུ་སྤེལ་བའི་ཆ་འཕྲིན་སོགས་མཐོང་མི་ཐུབ་པ་བཟོ་ནུས།

-གལ་ཏེ་ཁྱོད་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟེང་དུ། ཁྱེད་ཀྱི་ཐོ་ཁོངས་ཡོངས་བསྒྲགས་བྱེད་པར་གདམ་གསེས་བྱས་ཚེ། ཁྱེད་ཀྱིས་རང་ཉིད་ཀྱི་སྒེར་གྱི་ཆ་འཕྲིན་གང་རུང་སྟེ། དཔེར་ན། རང་གི་ཁ་པར་ཨང་གྲངས། སྡོད་གནས། ལས་གནས། གློག་འཕྲིན་ཡིག་ཟམ་ཁ་བྱང་སོགས། རང་ཉིད་དོན་དངོས་ཐོག་ས་ཆ་གང་དུ་ཡོད་མེད་དང་། ཁྱེད་རང་སུ་ཡིན་མིན་ཤེས་རྟོགས་ཐུབ་པའི་གནས་ཚུལ་རིགས་དྲ་སྟེང་དུ་ཡར་འཇུག་དང་ཡོངས་བསྒྲགས་བྱེད་མི་རུང་། དེ་ལྟར་བྱས་ན།  རང་ཉིད་དྲ་བའི་རྗེས་འདེད་ཀྱི་ཉེན་ཁ་ལ་གཡོལ་ཐུབ།

-དྲ་ཚིགས་མི་འདྲ་བ་མང་པོར་ཞུགས་སྐབས།  གལ་ཏེ་དགོས་མཁོ་མེད་ཚེ་སྒེར་གྱི་ཁ་པར་ཨང་གྲངས་དང་། གློག་འཕྲིན་ཁ་བྱང་།  ཡང་ན་སྡོད་གནས་སོགས་མཉམ་སྤྱོད་བྱེད་མི་རུང་། བསམ་ངན་ཁོག་བཅུག་གི་ཉེས་ཅན་པ་ཚོས་ཁྱེད་ཀྱི་འབྲེལ་གཏུག་ཁ་བྱང་ལ་ཚོད་འཛིན་བྱེད་སྲིད།

 

མ་རུངས་ཁོག་བཅངས་བྱེད་མཁན་རྣམས་ཁྱེད་ཚོའི་དྲ་བའི་ཁོར་ཡུག་ནང་དུ་ཡོང་མ་བཅུག

སྒོ་ཟྭ་བརྒྱབ་མེད་པའམ། ཡང་ན་སྒོ་ཕྱེ་སླ་བའི་ཟྭ་ནི་རྐུན་མ་ལ་མཚོན་ན་ལེགས་སྐྱེས་ཤིག་དང་འདྲ།  ཁྱེད་ཚོའི་རྩ་ཆེའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པར་ཐུན་མོང་མ་ཡིན་པའི་ལྡེ་མིག་ཡོད་པའི་ལྗིད་ཁོག་ཆེ་བའི་ཟྭ་ཞིག་རྒྱག་དགོས། དེ་དང་འདྲ་བར། གལ་ཏེ། ཁྱེད་ཀྱི་དྲ་ཐོག་གི་གསང་གྲངས་ལས་སླ་བོར་ཤེས་ཐུབ་ཚེ། ཉེས་ཅན་པ་ཁྱེད་ཀྱི་ཁ་པར་ནང་འཛུལ་ཐུབ་པ་མ་་ཟད།   ཁོས་ཁྱེད་ཀྱི་དྲ་ཐོག་གི་གསང་བའི་གནས་ཚུལ་ཁག་ལ་ལྟ་ཞིབ་བྱེད་སླ། སོང་ཙང་། ཁྱེད་ཀྱི་དྲ་ཐོག་གི་གསང་གྲངས་དེ་ངེས་པར་དུ་ཐུན་མོང་མ་ཡིན་པའི་གསང་གྲངས་ཤིག་ཡིན་དགོས་ལ།  ཉེས་ཅན་པ་ཚོས་ལས་སླ་བོར་ཤེས་རྟོགས་མི་ཐུབ་པ་ཞིག་དགོས།

དུས་རྒྱུན་དྲ་ཐོག་གི་ཉེས་ཅན་པ་ཚོ་ཁྱེད་ཀྱི་ཁ་པར་ནང་དུ་འཛུལ་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་རྐུ་འཁྱེར་བྱེད་པའམ་ཡང་ན། ཁ་པར་ནང་འཛུལ་ཏེ་ཁྱེད་ཀྱི་དྲ་ཐོག་གི་བྱ་འགུལ་ཁག་ལ་རྗེས་འདེད་བྱེད་ཀྱི་ཡོད།  གལ་ཏེ་ཁོ་ཚོ་ཁྱེད་ཀྱི་ཁ་པར་ནང་འཛུལ་ཐུབ་ན། ཁ་པར་ནང་གི་ཁྱེད་ཀྱི་འདྲ་པར་དང་ཡིག་ཆ་གཞན་དག་ལ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད། ཁོ་ཚོས་ད་དུང་ཁྱོད་ཀྱི་གློག་ཀླད་ཀྱི་པར་ཆས་དང་སྐད་སྦུག་སྤྱད་དེ་ཁྱོད་ལ་ལྟ་ཞིབ་དང་ལྐོག་ཉན་བྱེད་ཐུབ། ལྷག་པར་དུ། གློག་ཀླད་ཀྱི་པར་ཆས་སྤྱད་ཁྱེད་རང་ལྐོག་ནས་པར་བླངས་ཏེ་ཁྱེད་ལ་སྡིགས་ར་དང་འཇིགས་སྐུལ་བྱེད་ཐུབ། དེར་བརྟེན།  ཐོག་མ་ཉིད་ནས་ཉེས་ཅན་པ་ཁྱེད་རང་གི་གློག་ཆས་ནང་དུ་འཛུལ་མི་འཇུག་པའི་ཁག་ཐེག་བྱེད་དགོས།

-སྐབས་འགར་ཉེས་ཅན་པས་ཁྱེད་རང་ལ་འབྲེལ་བ་ཡོད་པའི་ཆ་འཕྲིན་བརྒྱུད་གཏོང་བྱེད་པ་དང་ཆབས་ཅིག་བསམ་ངན་ཁོག་བཅུག་གིས། ཆ་འཕྲིན་དེའི་ནང་དུ་ཉེན་ཁ་ཡོད་པའི་ཟུར་སྣོན་་ཡིག་ཆ་དང་དྲ་ཚིགས་ཤིག་གི་འབྲེལ་ཐག་བསྐུར་གྱི་ཡོད།   ཡང་ཁོ་ཚོས་མཚམས་རེར་ཁྱེདཀྱིས་ངོ་ཤེས་པའི་མི་ཞིག་གམ་ཡང་ན།   ཁྱེད་ཀྱིས་ཡིད་ཆེས་བྱ་སའི་་ལས་ཁུངས་དཔེར་ན། སློབ་གྲྭ་དང་། དངུལ་ཁང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་གང་རུང་ཡིན་ཁུལ་བྱེད་ལ། སྐབས་འགར་ཁོ་ཚོས་སྔོན་ལ་ཁྱེད་ཀྱི་འབྲེལ་གཏུག་བྱ་སའི་གྲོགས་པོ་གང་རུང་གི་ཁ་པར་གྱི་ནང་དུ་འཛུལ་རྗེས། ངན་སེམས་བཅངས་ཏེ། ཉེན་ཁ་ཡོད་པའི་ཟུར་སྣོན་་ཡིག་ཆ་དང་དྲ་ཚིགས་ཤིག་གི་འབྲེལ་ཐག་ཁྱེད་ལ་བསྐུར་ཡོང་གི་ཡོད།  ཁྱོད་ཀྱི་གློག་འཕྲིན་ཡིག་ཟམ་དང་། འཕྲིན་གཏོང་སྟེགས་བུ་གཞན་དག་གི་ནང་དུ་འབྱོར་བའི་ཟུར་སྣོན་ཡིག་ཆ་ཕབ་ལེན་དང་འབྲེལ་ཐག་གི་ཐོག་ལ་གང་བྱུང་ནོན་པ་སོགས་བྱེད་མི་ཉན།

-དུས་ཐོག་ཏུ་ཁྱོད་ཀྱི་ཁ་པར་དང་གློག་ཀླད་ཀྱི་མ་ལག་གསར་སྒྱུར་བྱས་ན།  ཉེས་ཅན་པས་སྔོན་ཆད་ཀྱི་མ་ལག་གི་པར་གཞི་རྙིང་པའི་ནང་གི་སྐྱོན་ཆ་བེད་སྤྱོད་བྱས་ཏེ་ཁྱེད་ལ་གནོད་པ་གཏོང་བའི་ལས་ཀ་བཀག་འགོག་བྱེད་ཐུབ།  སོང་ཙང་ཁྱེད་ཀྱིས་མཉེན་ཆས་རྟག་ཏུ་གསར་སྒྱུར་བྱེད་རྒྱུ་གལ་ཆེ།

-གལ་ཏེ་ཁྱེད་ཀྱི་ཁ་པར་ལ་གློ་བུར་དུ་ཡ་མཚན་དང་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་པའམ་ཡང་ན། ཁྱོད་ཀྱིས་སོ་སོའི་ཁ་པར་བཀོལ་སྤྱོད་མི་བྱེད་པའི་དུས་སུ་ད་དུང་ཁ་པར་གྱི་པར་ཆས་ཀྱི་གློག་སྒྲོན་དང་སྐད་སྦུག་སྒོ་ཕྱེ་པ་མཐོང་ན་ཁྱོད་ཀྱི་ཁ་པར་ལ་གཙང་སྦྲ་བྱེད་དགོས་པའི་དུས་ལ་སླེབས་པ་རེད།  ཁྱེད་ཀྱིས་སོ་སོའི་ཁ་པར་དེ་ཐོག་མའི་བཟོ་གྲྭའི་སྒྲིག་བཀོད་ཀྱི་ཐོག་ཏུ་བསྐྱར་དུ་བཀོད་སྒྲིག་བྱས་ན་འགྲིག

-མཇུག་མཐར། གལ་ཏེ་ཁྱེད་ཀྱི་ཁྱིམ་དུ་གློག་ཀླད་ཡོད་ན། སྣང་ཆུང་གང་ཡང་མི་བྱེད་པར་གློག་ཀླད་ཀྱི་པར་ཆས་འགེབས་སྲུང་བྱེད་དགོས།

དྲ་ཐོག་ཏུ་བསུན་གཙེར་བྱེད་མཁན་ལ་ཁྱེད་ཀྱིས་དོ་སྣང་བྱེད་དགོས་དོན་མེད།

བླང་བྱ་མ་ཡིན་པའི་ཆགས་སྲེད་དང་འབྲེལ་བའི་ཆ་འཕྲིན་གང་རུང་ལ་ལན་འདེབས་མ་བྱེད། ཁོ་ཚོར་ཁ་ཡ་མ་བྱེད།

-གལ་ཏེ་ཁྱེད་རང་ལ་བླང་བྱ་མ་ཡིན་པའི་ཆགས་སྲེད་དང་འབྲེལ་བའི་ཆ་འཕྲིན་འབྱོར་བཞིན་ཡོད་ན། ཨང་གྲངས་དེ་བཀག་འགོག་བྱེད་དགོས། གལ་ཏེ་སྤྱི་ཚོགས་དྲྭ་རྒྱའི་སྟེགས་བུའི་ཐོག་དེ་དག་འབྱོར་ན། ཆ་འཕྲིན་གཏོང་མཁན་དེ་སྟེགས་བུའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་སྙན་སེང་ཞུ་དགོས།  ཁོ་ཚོས་ཁྱེད་དང་མི་གཞན་ལ་མནར་གཅོད་གཏོང་དུ་མ་འཇུག

དྲ་ཐོག་གི་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་བརྙས་བཅོས་དང་མནར་གཅོད་ཐེར་འདོན་བྱེད་དགོས།

གལ་ཏེ་བརྙས་བཅོས་གཏོང་མཁན་གྱིས། ཁྱེད་རང་གི་མོས་མཐུན་མེད་པར་དྲ་རྒྱའི་སྟེགས་བུའི་ཐོག་ཁྱོད་ཀྱི་སྙིང་ཉེ་བའི་པར་རིས་དང་ བརྙན་ཕབ། དེ་བཞིན་སྒེར་གྱི་གསང་བ་སོགས་འགྲེམས་སྤེལ་བྱས་ཚེ།  སྟེགས་བུའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་སྙན་སེང་ཞུས་ཏེ་ནང་དོན་དེ་རིགས་མེད་པར་བཟོ་དགོས་པའི་རེ་སྐུལ་ཞུ་དགོས། དེ་དང་ཆབས་ཅིག་ཉེས་ཅན་གཏེ་པོ་དེ་དྲ་རྒྱའི་སྟེགས་བུའི་སྟེང་ནས་བཀག་འགོག་བྱེད་དུ་འཇུག་དགོས།

-གལ་ཏེ་ཁོ་ཚོས་དྲ་ཐོག་གམ་དངོས་སུ་ཁྱེད་ཀྱི་ལུས་པོར་གནོད་འཚེ་གཏོང་སྲིད་པའི་འཇིགས་སྣང་བསྐུལ་ཚེ། ་ཉེན་རྟོག་པར་སྙན་སེང་ཞུ་དགོས།

-གལ་ཏེ་ཁྱེད་རང་དྲ་ཐོག་གི་རྗེས་འདེད་ཀྱི་གནོད་འཚེ་ཐེབས་མཁན་ཡིན་ཚེ། ཉེན་རྟོག་པར་སྙན་སེང་ཞུ་དགོས།

-གལ་ཏེ་བརྙས་བཅོས་བྱེད་མཁན་གྱིས་དྲ་ཐོག་གམ། ཡང་ན། དངོས་སུ་ཁྱེད་ཀྱི་གསང་བའི་གནས་ཚུལ་ཕྱི་བསྒྲགས་བྱ་རྒྱུའི་སྡིགས་སྐུལ་བྱས་ཏེ་དངུལ་དངོས་ཧམ་འཕྲོག་བྱེད་པའམ། ལས་དོན་གཞན་པ་བསྒྲུབ་དགོས་པའི་བཙན་ཤེད་བྱས་པ་ཡིན་ན། ཉེན་རྟོག་པར་སྙན་སེང་ཞུ་དགོས།

གལ་ཏེ་ཁྱེད་ནི་དྲ་ཐོག་གི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད༼རྣམ་པ་གང་རུང་གི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད༽ ཀྱི་གནོད་འཚེ་ཐེབས་མཁན་ཡིན་ན། རང་ཉིད་གཅིག་པུས་བཟོད་བསྲན་བྱས་ཏེ་མི་བསྡོད་པར། ངེས་པར་དུ་རང་གི་ཡིད་ཆེས་ཡོད་སའི་མི་ལ་གླེང་མོལ་བྱས་ཏེ་རང་གིས་མྱོང་བཞིན་པའི་དཀའ་སྡུག་གི་གནས་སྟངས་མཉམ་སྤྱོད་བྱ་དགོས། མ་ཟད། དེ་ནི་ཁྱེད་ཀྱི་ནོར་འཁྲུལ་མིན་པ་ཤེས་དགོས། གལ་ཏེ་ཉམས་མྱོང་འདིའི་རྐྱེན་གྱིས་སོ་སོའི་ལུས་སེམས་ལ་རྨས་སྐྱོན་ཕོག་ཡོད་ཚེ་ཆེད་ལས་མི་སྣ་དང་ལྷན་དུ་གླེང་མོལ་བྱ་དགོས། 

སོ་སོ་གཅིག་པུས་སྡུག་བསྔལ་ལ་བཟོད་བསྲན་བྱས་ཏེ་སྡོད་མི་རུང་།